Tuesday 14 April 2015

སྐྱེས་སྐར།


                                                                                                      གཅན་འོད་འབར།
རྒས་ཀྱིན་པའི་གནའ་བོའི་རོལ་དབྱངས་འདིའི་གཏིང་ནས།
དཔྱིད་གཞུང་ཞིག་ལ་འཁེལ་བའི་སྐྱེས་སྐར་དེ་དྲན་བྱུང།
མེ་ཏོག་རྐྱང་རྐྱང་གི་དུས་ཚིགས་ཤིག་གམ།
ཉི་འོད་ཏག་ཏག་གི་ལོ་ཟླ་ཞིག་སྟེ།
མི་ཚེའི་དྲན་ཤིང་དུ་ལྷག་པའི་ཉིན་མོ་ཞིག
འཚོ་བའི་མིག་གོང་དུ་བཏབ་པའི་ཉིན་མོ་ཞིག
དཔྱིད་ཀ་སླེབས་ཐེངས་རེ་དང་མེ་ཏོག་བཞད་དུས་རེར་ཚེས་ཤིང་།
ཆར་བ་འབབ་དུས་རེ་དང་བསིལ་རླུང་ལྡིང་ཐེངས་རེར་ཤར་བ་དེ་ཡིན།


དུས་ཀྱིས་ཟོས་ཤིང་ལོ་ཟླས་དེད་པའི་ཉིན་མོ་དེ།
འཆི་བའི་གཡབ་མོ་བྱེད་ཀྱིན་འདི་ལྟར་སླེབས་བྱུང།
ཁེར་རྐྱང་དུ་སྐྱོ་བ་མེད་ལ་དགའ་བ་ཡང་མེད་པར།
གས་ཆག་ཤོར་བའི་རྩིག་ངོས་ཀྱི་མེ་ལོང་ལས་མཐོང་བ།
ཅི་ཞིག་ལ་ཆགས་ཤིང་གང་ཞིག་ལ་འཁྲུལ་བའི་རང་ཉིད་མིན་པར།
གདོང་འབག་གྱོན་པའི་གཟུགས་རིས་གཞན་ཞིག་ཡིན་པ་ཤེས་དུས།
གནམ་ས་འདི་ཇེ་ཆུང་ནས་ཇེ་དོག་ཏུ་འགྱུར་བཞིན་པ་ཚོར་ཞིང་།
སང་ཉིན་དེ་ཡང་ཇེ་རིང་ནས་ཇེ་ནག་ཏུ་སྣང་གིན་པ་རྟོགས་བྱུང།

དཔྱིད་ཀ་ལས་དགུན་ཁ་མང་ཞིང།
སྤྲོ་བ་ལས་སྐྱོ་བ་མོད་པའི་དུས་འདིར།
སྐྱེས་ནས་ཤི་རུ་ཡོང་བའི་སྡོམ་ཚིག་དེ་བསམ་ནས།
ནམ་ཞིག་ཡལ་ངེས་པའི་རང་ལ་ཡང་ཡང་ཅེར་ཞིང་ཡང་ཡང་ལྟ་དུས།
རྒྱུས་ཡོད་ནས་རྒྱུས་མེད་དུ་འགྱུར་བཞིན་པའི་ངོ་གདོང་དང་སྐྲ་ལོ།
ཆ་ཡོད་ནས་ཆ་མེད་དུ་གྲུབ་ཀྱིན་པའི་ཁ་སང་དང་སང་ཉིན།
ཝུ་ཆང་གིས་བཟི་ཁས་ཟིན་པའི་སེམས་པ་རལ་ཧྲུལ་འདིའི་མཐའ་མཇུག་གི་དྲན་ཤིང་ཡིན་ལ།
དུས་ཚོད་ཀྱི་རླུང་ཁ་ན་ཟད་པའི་ལང་ཚོ་རྒས་པོ་འདིའི་མཐའ་མའི་རྒུད་སྟངས་ཀྱང་ཡིན།
གང་ལྟར། སྐར་མའི་འོད་མདངས་ཉམས་པའི་དཔྱིད་ཀ་གཞན་ཞིག་ལ།
དགའ་དགའ་འདྲ་བའི་ཁ་སང་གི་མཛའ་མོ་དང།
སྤྲོ་སྤྲོ་ལྟ་བུའི་དེ་རིང་གི་སྐྱེས་སྐར།
ད་དུང་། ཡོད་ཡོད་འདྲ་བའི་སང་ཉིན་གྱི་རྨི་ལམ་དེ་ཚོ་ཡང་།
མཛེས་སྡུག་གི་འཇའ་ཚོན་ཞིག་ཤར་ནས་ཡལ་ཚུལ་གྱི་གཏམ་རྒྱུད་ཅིག་ཡིན་ངེས།
༢༠༡༢།༤།༡༥ ཉིན་བྲིས་པ་དགེའོ།

No comments:

Post a Comment