Thursday 1 January 2015

ང་ཚོས་རང་ཉིད་ལ་སྦྱིན་ཆོག་པའི་ངོ་མཚར་ཅན་གྱི་ལེགས་སྐྱེས།

                                ང་ཚོས་རང་ཉིད་ལ་སྦྱིན་ཆོག་པའི་ངོ་མཚར་ཅན་གྱི་ལེགས་སྐྱེས།
                                                                                                ཀི་ཤོར་ཨསི་ཐཱ་ན་ལགས་ཀྱིས་བརྩམས།
                                                                                                གཅན་འོད་འབར་གྱིས་བསྒྱུར།


    ཡེ་ཤུའི་འཁྲུངས་སྐར་དུས་སྟོན་དང་ལོ་སར་གྱི་དུས་ཚིགས་བཅས་སུ་ང་ཚོས་རང་ཉིད་ཀྱི་བསམ་བློ་དང་ཆུ་ཚོད་མང་པོ་ཞིག་གཞན་ལ་ལེགས་སྐྱེས་ཅི་ཞིག་སྤྲོད་དགོས་པའི་ཐད་གཏོང་གིན་ཡོད་ལ། ཡང་ང་ཚོ་འགའ་ཤས་ཀྱིས་ཆུ་ཚོད་གང་མང་སྤྱད་དེ་སོ་སོར་ལེགས་སྐྱེས་གང་ཞིག་སྟེར་དགོས་པའི་ཐད་བསམ་བློ་གཏོང་གིན་ཡོད། འདི་ལྟར་སྒྲུབ་མཁན་གྱི་མི་དག་གིས་ “དངོས་པོ་” ཁོ་ན་ཉོ་སྒྲུབ་ཙམ་ལས་གཞན་ཕྱོགས་གང་ལའང་བསམ་གཞིགས་བྱེད་ཀྱི་མེད། འོན་ཀྱང་ཁྱོད་ཀྱིས་རང་ཉིད་ལ་ཉོ་སྒྲུབ་བྱེད་ཐུབ་པའི་དངོས་བོ་དག་ལས་ཀྱང་རྩ་ཆེ་བའི་ལེགས་སྐྱེས་མང་པོ་ཞིག་སྟེར་ཐུབ་པ་ཤེས་ཀྱི་ཡོད་དམ།

    གལ་ཏེ་མི་ཞིག་གིས་ཁྱོད་ལ་རང་ཉིད་ཚེ་རིང་པོ་ཡོང་བ་དང། སྨན་རིན་ཉུང་དུ་གཏོང་བཏུབ་པ། དེ་བཞིན་ཞི་བདེ་བག་ཕེབས་བཟོ་ནུས་ལ། ད་དུང་མི་མང་ཁྲོད་སྐད་གྲགས་ཆོད་པ་དང། སྒེར་དང་ལས་དོན་སོགས་ཀྱི་ཐད་ནས་ཀྱང་ཧ་ཅང་གྲུབ་འབྲས་ལྡན་པ་ཞིག་ཆགས་ནས་སོ་སོའི་བུ་ཕྲུག་ལ་འཇིག་རྟེན་ཡག་པོ་ཞིག་བསྐྲུན་ཏུ་འཇུག་ནུས་པའི་ལེགས་སྐྱེས་སྒྱུ་མ་ཅན་དེ་འདྲའང་ཡོད་པ་རེད་ཅེས་བརྗོད་ན་ཁྱོད་རང་ཡིད་ཆེས་སམ། ཁྱོད་ལ་རྨི་ལམ་ལྟ་བུའི་ཚོར་སྣང་ཞིག་སྐྱེ་ཡི་འདུག་གམ། ངོ་མས་བཤད་ན་དེ་ལྟ་བུའི་ལེགས་སྐྱེས་ཀྱང་ཡོད་དེ། དེ་དག་ནི་ཁྱོད་རང་བསྙབ་སའི་ཉེ་འཁོར་ན་ཡོད་པ་མ་ཟད། ལེགས་སྐྱེས་དེ་དག་རིན་མེད་ཡིན། དེ་ན་གཤམ་ནས་ངས་ཁྱོད་ཚོར་དེ་ལྟ་བུའི་ལེགས་སྐྱེས་རྣམ་གྲངས་བཅུ་ངོ་སྤྲོད་བྱ།
ལེགས་སྐྱེས་དམིགས་བསལ་གྲངས་བཅུ།
༡)    ལུས་རྩལ་སྦྱོང་བརྡར། གལ་ཏེ་ཁྱོད་ཀྱིས་རང་ཉིད་ལ་ཉིན་རེར་སྐར་མ་བཅོ་ལྔའི་ལུས་རྩལ་སྦྱོང་བརྡར་ཀྱི་ལེགས་སྐྱེས་སྤྲད་ན།  ཁྱོད་རང་བདེ་བར་འཚོ་ཐུབ་ལ། ཚེ་རིང་པོ་དང་རྣམ་རིག་གྲུང་པོར་གནས་ཐུབ།
༢)    རྩ་རླུང་སྒོང་སྦྱང་། རྩ་རླུང་སྒོམ་སྦྱང་ལའང་གོང་གི་ཕན་ཡོན་དེ་དག་ལྡན་པ་ཡིན་ལ། རྩ་རླུང་སྒོམ་སྦྱང་གིས་ཁྱོད་ལ་ཟུངས་ཤུགས་སྤྲོད་པ་མ་ཟད། ཁྱོད་ཀྱི་ཤ་རྒྱུས་མཉེན་པོའང་བཟོ་བ་ཡིན།
༣)    སྒོམ་ཉམས་ལེན། སྒོམ་ཉམས་ལེན་བྱེད་པ་ནི་རིན་ཐང་བྲལ་བ་ཞིག་རེད། སྒོམ་ལ་ཕན་ཡོན་ཧ་ཅང་མང་སྟེ། སེམས་ཞི་བདེ་བག་ཕེབས་ཡོང་བ་དང། གཤིས་སྤྱོད་འཇམ་དུ་གཏོང་བ། དྲན་ཤེས་གོང་དུ་འཕེལ་བ། དེ་བཞིན་ལྷིང་འཇགས་ཡོང་བ། སྤྱིར་ལྷིང་འཇགས་ནི་ལེགས་སྐྱེས་ནུས་སྟོབས་ཅན་ཞིག་ཡིན་ལ་ཁྱོད་ཀྱིས་ཆེས་ཐོག་མར་ནང་སེམས་ཀྱི་ལྷིང་འཇགས་ངོ་མ་དེ་ཉམས་སུ་མྱང་ན་ཁྱོད་རང་གནས་སྟངས་དེ་ནས་ནམ་ཡང་སྡོད་འདོད་ཀྱི་འདུན་པ་སྐྱེ་བ་སོགས་ཀྱི་ཕན་ཡོན་ལྡན་པ་ཡིན།
༤)    སློབ་སྦྱོང། ཁྱོད་ཀྱིས་རང་ཉིད་ལ་སྤྲད་ཆོག་པའི་ལེགས་སྐྱེས་བཞི་བ་ནི་གསར་བ་ཅི་ཞིག་སློབ་སྦྱོང་བྱེད་པའི་ལེགས་སྐྱེས་དེ་རེད། འདི་ཡིས་ཁྱོད་རང་རྒ་རུ་མི་འཇུག་པར་ནམ་ཡང་འཚོ་བར་སྤྲོ་སྣང་བསྐྱེད་ནས་རིག་པ་གྲུང་པོར་སྡོད་དུ་འཇུག་པ་ཡིན།
༥)    དཔེ་ཀློག གོང་གི་དེ་དང་འབྲེལ་བའི་ལེགས་སྐྱེས་གཞན་ཞིག་ནི་དཔེ་ཀློག་རེད། ལེགས་སྐྱེས་འདི་ཁྱོད་རང་གཅིག་པུ་མ་ཡིན་པར་རང་ཉིད་ཀྱི་བུ་ཕྲུག་ཚོར་ཡང་སྤྲད་འོས་པ་ཞིག་ཡིན།
༦)    འཕྲོད་བསྟེན། སོ་སོའི་འཕྲོད་བསྟེན་ནི་ལེགས་སྐྱེས་ཡག་པོ་ཞིག་རེད་མོད། ང་ཚོས་འདི་ཡོད་ཤག་ཤག་བྱེད་ཀྱིན་རེད། འོན་ཀྱང་མ་ཉལ་གོང་སོ་འཁྲུ་རྒྱུ་ལྟ་བུའི་ལས་དོན་ཆུང་ཆུང་ཞིག་གིས་ཀྱང་ཐ་ན་ཁྱོད་ཀྱི་བདེ་དོན་ལ་ཤུགས་རྐྱེན་སྤྲད་སྲིད།
༧)    འཛུམ་མདངས། ཁྱོད་ཀྱིས་རང་ཉིད་ལ་ལེགས་སྐྱེས་འདི་བྱིན་ནས་ཁྱོད་ཀྱི་མི་ཚེར་ཁྱད་པར་ཆེན་པོ་ཇི་ཙམ་ཞིག་བཟོ་མིན་ལྟོས་དང། ཁྱོད་རང་ཡ་མཚན་སྐྱེ་ངེས།
༨)    འཆར་སྣང། གོང་གི་འཛུམ་མདངས་ལྟར་བེད་སྤྱོད་ཆེ་བའི་ལེགས་སྐྱེས་གཞན་ཞིག་ནི་འཆར་སྣང་རེད། ངོ་མཚར་ཅན་གྱི་ལེགས་སྐྱེས་འདིས་ཁྱོད་ཀྱི་འཇིག་རྟེན་རྒྱ་ཆེ་རུ་གཏོང་བ་ཡིན།
༩)    བཟོད་སྒོམ། ང་ཚོ་ནི་ཕོག་ཐུག་ལམ་སེང་འགྲོ་ཆོག་ཆོག་ཅིག་ཡིན། ང་ཚོ་མི་དང་དངོས་པོ་འདྲ་མིན་མང་པོ་ཞིག་ལ་ཕྱོགས་ལྷུང་གི་འདོད་ཚུལ་ཡོད་པ་ཞིག་ཡིན་པས། ང་ཚོས་འཛམ་གླིང་འདི་ ”ང་ཚོ་” ཞེས་ནོར་འཁྲུལ་མེད་པ་ཞིག་དང། “ཁོང་ཚོ་” ཞེས་ནོར་འཁྲུལ་ཡོད་པ་ཞིག་བཅས་རིགས་གཉིས་སུ་བགར་ནས་ཡོད། བཟོད་སྒོམ་ནི་བགར་ཡོད་པའི་རིགས་གཉིས་བར་གྱི་ཟམ་པ་དེ་ཡིན།
༡༠)    ཁོར་ཡུག་སྲུང་སྐྱོབ། ལེགས་སྐྱེས་མཐའ་མ་དེ་ནི་ཁྱོད་ཀྱིས་ཁོར་ཡུག་ལ་སེམས་འཁུར་ཧུར་པོ་བསྐྱེད་རྒྱུའི་ལེགས་སྐྱེས་ཤིག་རང་ཉིད་ལ་བྱིན་ན་ག་འདྲ་འདུག་གམ། འདིའི་དོན་ནི་ལྟ་གྲུབ་ཁོ་ནའི་ངོ་ཐོག་ནས་སེམས་འཁུར་བྱས་པ་ཙམ་མིན་པར། ཆུ་བསྐྱར་བཟོ་དང། ཆུ་སྲུང་སྐྱོབ། དེ་བཞིན་ཡུལ་ལྗོངས་སྔོ་ལྗང་ཅན་དུ་བསྒྱུར་བའི་ལག་ལེན་ཡག་པོ་ཁྱབ་སྤེལ་བྱེད་རྒྱུ་དེ་རེད་ལ། ལེགས་སྐྱེས་འདི་ཡོད་ན། ཁྱོད་ཀྱི་རང་ཉིད་ཀྱི་མི་ཚེ་ཡར་རྒྱས་གཏོང་ཐུབ་པ་མ་ཟད། རང་ཉིད་ཀྱི་བུ་ཕྲུག་ཚོར་ཡང་འཇིག་རྟེན་ལེགས་པོ་ཞིག་གི་ལེགས་སྐྱེས་སྤྲོད་ནུས།
        ང་ཚོས་རང་ཉིད་ལ་གོང་གི་ལེགས་སྐྱེས་དེ་དག་གིས་མི་ཚད་པའི་ལེགས་སྐྱེས་གཞན་གང་མང་ཞིག་ཀྱང་སྤྲད་ཆོག་སྟེ། འདི་རྣམས་ནི་མི་རེར་དམིགས་བསལ་ཡིན་ལ། ངས་བསམ་ན་ང་ཚོ་ཚང་མས་འདི་དག་ཁྲོད་ནས་ཁ་ཤས་ཤིག་ལ་ཅིས་ཀྱང་བསམ་གཞིགས་བྱེད་ཆོག་པ་ཞིག་རེད་འདོད།

    གལ་སྲིད་ང་ཚོ་ཚང་མས་ཐེངས་འདིའི་ལེགས་སྐྱེས་སྤྲོད་ལེན་དུས་ཆེན་ཁྲོད་གོང་གི་ལེགས་སྐྱེས་དེ་དག་ལས་རེས་འགའ་རང་ཉིད་ལའང་སྟེར་ཐུབ་ན་ཅི་འདྲའི་མི་བཟང་ངམ། འདི་དག་གིས་ང་ཚོ་ཁོ་ན་ཕྱུག་པོ་ཆགས་སུ་འཇུག་ཐུབ་པ་ཙམ་མ་ཡིན་པར། ང་ཚོས་རང་ཉིད་ཀྱི་སྙིང་ཉེ་བའི་མི་དག་དངོས་བོའི་ལེགས་སྐྱེས་ཀྱིས་ཕྱུག་པོ་ཆགས་སུ་འཇུག་པ་ལས་ཀྱང་ཇེ་ཕྱུག་ཏུ་གཏོང་ནུས་པས། འདི་དག་ཁྲོད་ནས་རང་ཉིད་ཀྱི་ལེགས་སྐྱེས་གདམས་ནས་འདུན་པའི་སྟོབས་ཀྱིས་ཁ་ཕྱེ་ལ། དགའ་སྐྱིད་ཀྱི་ལོ་གང་མང་ཞིག་སྤྲོ་སྣང་གིས་བསུ་རོགས།།

མ་རྩོམ་གྱི་འབྲེལ་ཐག speakingtree.in

No comments:

Post a Comment