Sunday 30 November 2014

བུ་མོ་ལགས། སྒྲོལ་དཀར་ལྷ་མོ།



བུ་མོ་ལགས། སྒྲོལ་དཀར་ལྷ་མོ། (གཞས་ཚིག)
ཆར་བ་སིམ་སིམ་འབབ་པའི་ཉིན་མོ་ཞིག་ལ།
རླུང་བུ་ཟ་ཟི་གཡུག་པའི་ཉིན་མོ་ཞིག་ལ།
གློ་བུར་འཕྲད་པའི་བུ་མོ་སྒྲོལ་དཀར་ལྷ་མོར།
བརྩེ་བའི་མིག་ཞགས་ཐོག་མ་ལྷོད་ཀྱིས་འཕངས་ནས།
དགའ་བའི་འཛུམ་མདངས་ཐོག་མ་ངང་གིས་བསྟན་ཡོད།
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
ང་ཡི་སེམས་ནས་དགའ་སའི་མེ་ཏོག་ཡིན།
ང་ཡི་ཡིད་ནས་དུངས་སའི་མཛའ་མོ་ཡིན།
ང་ཡིས་དྭངས་གཙང་བརྩེ་སེམས་ཁྱོད་ལ་འབུལ་དུས།
ཁྱོད་ཀྱིས་འགྱུར་མེད་དམ་བཅའ་ང་ལ་བཅོལ་བྱུང།
ཁྱོད་ནི་ང་ཡི་ཡོད་ཚད་ཡིན།
ང་ནི་ཁྱོད་ཀྱི་ཡོངས་རྗོགས་ཡིན།
ཨོ་་་་སྙིང་སྡུག་སྒྲོལ་དཀར་ལྷ་མོ།
ཁྱོད་ནི་ང་ཡི་སྙིང་གི་ཚིལ་ལུ་དཀར་པོ།

རོ་ལངས།




རོ་ལངས།
གཅན་འོད་འབར།
ཁོར་ཡུག་འདིའི་གྲུ་ཟུར་ཀུན་ཏུ་དྲག་རླུང་ལྟར་ལྡང་ཞིང་འབྲུག་སྒྲ་བཞིན་གྲགས་པའི་ཡ་མཚན་དངོས་བྱུང་གི་གནས་ཚུལ་ཁྱད་མཚར་ཞིག་ཁྱབ་བཞིན་པ་དེ་ནི་ཁ་སང་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བའི་ཤི་བོ་དེའི་དོན་རྐྱེན་རེད། བསམ་བློ་པ་ཚོས་བཤད་ན། ཁོར་སེམས་ནད་བྱུང་ནས་ཤི་བ་རེད་ཟེར། ཚན་ རིག་པ་ཚོས་སྨྲས་ན་མ་རེད། ཁོ་གཞན་གྱིས་ལྐོག་གསོད་བྱས་པ་རེད་ཟེར། སྨན་པ་ཚོས་བརྗོད་ན། དེ་མ་རེད། ཁོ་ནད་རྙིངབསྐྱར་འཕར་བྱུང་ནས་འཆི་བ་རེད་ཟེར། གང་ལྟར་སུས་ཀྱང་ཁ་ཚོན་གཅོད་མ་ཐུབ་པའི་དོན་རྐྱེན་འདི་གྲུ་ཟུར་འདིའི་སྐྱེ་དངོས་ཚང་མས་ལན་རྒྱག་དཀའ་བའི་དྲི་བའམ་གབ་ཚིག་ཅིག་རེདལ། གངས་ལྷ་སྒྲོལ་མར་མཚོན་ན་ཆེས་འགྲེལ་དཀའ་ཞིང་བརྗེད་མི་ཐུབ་པའི་གནད་དོན་ཞིག་ཀྱང་རེད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཁ་སང་གི་ཉིན་མོ་དེ་ཁོའི་སྐྱེས་སྐར་རེད་ལ་ཤི་སྐར་ཡང་རེད། ཁོ་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བའི་དོན་དག་འདི་བདག་གིས་དེ་རིང་ཅི་ཞིག་ ང་འབྲེལ་བ་ཡོད་པ་རྟོགས་ལ་ཁོ་ཤི་ནས་རོ་ལངས་རྒྱག་དོན་ཡང་གང་ཞིག་ལ་ཐུག་ཡོད་པ་བདག་གིས་གཏམ་རྒྱུད་འདི་ལས་ཤེས་བྱུང་མོད། འོན་ཀྱང་ང་ལ་ཡང་བདེན་དཔང་ཡང་དག་ཅིག་མེད།

Friday 28 November 2014

ལེ་ཝེ་སུ་ཁཱ་རོལ་ལགས་ཀྱི་གྲགས་ཅན་བརྩེ་འཕྲིན།

ལེ་ཝེ་སུ་ཁཱ་རོལ་ (Lewis Carroll) ལགས་ཀྱི་གྲགས་ཅན་བརྩེ་འཕྲིན། ༼བསྒྱུར་འཕྲིན།༽
ཨོ་ཁུ་སུ་ཧྤོར་ཊི་ཡེ་ཤུའི་སློབ་ཆེན་དུ་ཕྱི་ལོ ༡༨༧༦ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༨ ལ།
ཆེས་སྙིང་ཉེ་བའི་བདག་གི་གིར་ཊིརོ་ཌི་ལགས།
ཁྱེད་རང་སོང་བའི་ཉིན་མོ་དེ་ནས་བཟུང་ང་རང་ན་ཚ་ཡ་མཚན་ཞིག་གིས་མནར་ནས་ཡོད་ པ་གོ་ན། ཁྱེད་རང་བློ་ཕམ་སྐྱེ་སྲིད་ལ་ཧང་ཡང་སངས་ངེས། ད་དུང་མགོ་ཡང་འཐོམ་སྲིད། གང་ལྟར་ང་སྨན་པར་སྟོན་དུ་ཕྱིན་ནས་ “སྨན་པ་ལགས། ང་ཐང་ཆད་ཀྱི་འདུག་པས། སྨན་ཞིག་སྟེར་རོགས” ལབ་པ་ཡིན། སྨན་པས་ ”ཆོ་མེད་མ་ཤོད། ཁྱོད་ལ་སྨན་དགོས་ནི་མ་རེད། ཉལ་དུ་སོང་” ཟེར། ངས་ “མ་རེད། ཐང་ཆད་པ་འདི་ཉལ་དགོས་པའི་ནད་རིགས་ཤིག་མ་རེད། ངའི་ངོ་གདོང་ནས་ཐང་ཆད་ཀྱི་འདུག” ཅེས་བཤད་པ་ཡིན། ཁོས་ཅུང་ཙམ་སྐྱོ་ཉམས་ཀྱིས་བཤད་རྒྱུར “ཨོ། དེ་ན་ད་ཐང་ཆད་པ་དེ་ཁྱོད་ཀྱི་སྣ་ཡིན་རྒྱུ་རེད། གནད་དོན་ཆེན་པོ་ཞིག་ཤེས་སོང་སྙམ་མཁན་གྱི་སྐྱེ་བོ་དེས་སྐད་ཆ་ཡང་མང་པོ་ཞིག་བཤད་ཀྱི་རེད།” ཟེར། ངས་ ”མ་རེད། དེ་ངའི་རྣ་མ་རེད། ཕལ་ཆེར་ངའི་སྐྲ་ཡིན་པ་འདྲ་” ཞེས་ལབ་པ་ཡིན། དེ་ནས་ཁོས་སྐྱོ་སྣང་འཕར་མ་ཞིག་དང་བཅས་བཤད་རྒྱུར་ ”ད་ངས་ཤེས་སོང། ཁྱོད་ཀྱིས་རྣོ་སྦྲེང་སྟེང་ནས་སྐྲ་ལོ་མང་པོ་མཉམ་དུ་རྩེད་མོ་རྩེ་རྒྱུ་མང་དྲགས་པའི་རྐྱེན་གྱིས་ཡིན་རྒྱུ་རེད།” ཟེར།

ཚེ་སྲོག་གི་མཆོད་མེ།

ཚེ་སྲོག་གི་མཆོད་མེ། 
                                                                                  གཅན་འོད་འབར།
རིན་བྲལ་སྲོག་གིས་སྒྲོན་པའི་མེ་ལྕེ་དམར་པོ།།
གནམ་སའི་མཚམས་ནས་མཆེད་པ་མིག་གིས་མཐོང་ན།།
སྡུག་གི་མུན་པ་འཐིབས་པའི་བོད་ཡུལ་ལྗོངས་ལ།།
སྐྱིད་ཀྱི་ཉི་མ་བསུ་བའི་སྟབས་གོམ་ཨེ་བྱ།།

སེམས་འགྱུ་རབ་རིབ།

སེམས་འགྱུ་རབ་རིབ། 
ནམ་རྒྱུན་ཞོགས་པའི་ཉི་ཟེར་འབབ་པའི་ཕྱོགས་ལ་འཁོར་ནས་ཁེར་རྐྱང་གི་ཚོར་སྣང་དག་རླུང་ལ་བསྐུར་རྒྱུ་ནི་སུ་ཞིག་དྲན་པའི་ཉིན་མཚན་དག་གི་སྐྱོ་བའི་དྲན་གདུང་རིང་མོ་ཉིན་ཐོར་འགོད་པ་དང་མཚུངས་བས།ཉི་ཟེར་ལ་ལྟ་བ་ནི་རང་གིས་རང་ལ་སེམས་གསོ་བྱེད་པ་དང་ཡང་འདྲ།སུ་ཞིག་ལ་ཡང་བརྩེ་བའི་རེ་བ་མ་བཅངས་བར་ཡུན་རིང་ཞིག་འདས་རྗེས་ཀྱི་དེ་རིང་།ཆར་བ་དང་ན་བུན་འཐབས་པའི་ཁྲོད་ནས་མེ་ཏོག་ཅིག་བདག་གི་མིག་གོང་ལ་སྐྱེས་ཤིང་སེམས་ཁོངས་ལ་བཞད་པའི་གཏམ་རྒྱུད་ཅིག་གི་དབུ་ཁྱུད་རང་བྱུང་གིས་བྲིས་པ་འདི་བདེ་སྐྱིད་ཅིག་གི་སྔོན་འགྲོ་ཡིན་ན་སྡུག་བསྔལ་ཞིག་གི་ས་བོན་ཡིན་པ་ངས་ཀྱང་གསལ་པོ་ཞིག་མ་རྟོགས་མོད།རང་སེམས་རང་ལ་མི་དབང་པའི་ཁྱད་མཚར་གྱི་ངང་ཚུལ་འདི་བསམ་ན་ང་ལ་ཡང་གདམ་ག་གཞན་ཞིག་མི་འདུག

ཡིད་ཆེས་མ་གནོངས།

ཡིད་ཆེས་མ་གནོངས།
ཆར་བ་དང་ན་བུན།
འཇའ་ཚོན་དང་མེ་ཏོག
དུས་ཚིགས་འདིའི་མཛེས་སྡུག་འདྲ་ཡང།
ནམ་ཞིག་ལ་ཤར་ངེས་པའི་ཉི་འོད་དང།
འབབ་སྲིད་པའི་ཁ་བ།
ད་དུང་གཡུག་སྲིད་པའི་ལྷག་རླུང་དྲན་ན།
འདི་ཡང་ནམ་དུས་ཤིག་གི་ངོ་གདོང་འགྱུར་སྟངས་ཡིན་པས།
ཆར་དུས་འདིའི་མཛེས་སྡུག་ལ་རྟག་བརྟན་གྱི་ཡིད་ཆེས་མ་གནོངས།