Friday 28 November 2014

ཚེ་སྲོག་གི་མཆོད་མེ།

ཚེ་སྲོག་གི་མཆོད་མེ། 
                                                                                  གཅན་འོད་འབར།
རིན་བྲལ་སྲོག་གིས་སྒྲོན་པའི་མེ་ལྕེ་དམར་པོ།།
གནམ་སའི་མཚམས་ནས་མཆེད་པ་མིག་གིས་མཐོང་ན།།
སྡུག་གི་མུན་པ་འཐིབས་པའི་བོད་ཡུལ་ལྗོངས་ལ།།
སྐྱིད་ཀྱི་ཉི་མ་བསུ་བའི་སྟབས་གོམ་ཨེ་བྱ།།


འདི་ཕྱིའི་སྐྱབས་མགོན་མ་མཇལ་ལོ་ཟླ་འདས་ཀྱང་།།
མཛའ་བརྩེའི་སྤུན་གྲོགས་མ་རིག་ཉིན་མཚན་སོང་ཡང་།།
རྣམ་དག་དད་སེམས་གཙང་མའི་སྨོན་འདུན་གསེང་ན།།
སླར་འཛོམས་རེ་སྒུག་དྲོན་མོའི་སེམས་པ་ལྷག་འདུག།

རྒྱང་རིང་བརྩེ་བའི་ཨ་ཇོ་ས་མཐར་མ་བཞུགས།།
ཐག་རིང་དུངས་བའི་ཨ་ཅེ་བྱེས་ལ་མ་ཆགས།།
ཤུལ་གྱི་སྤུན་ཟླས་ཚེ་སྲོག་འབེན་ལ་བཙུགས་སྟེ།།
རེ་བའི་མིག་ཟུང་ཁྱོད་ཚོའི་ཕྱོགས་ལ་གཏད་ཡོད།།

སྦྲ་ནག་དྲོན་མོའི་ཆོན་ཐག་མེ་རུ་འབར་དུས།།
གཡག་རོག་དཀར་པོའི་ཐུགས་ནས་སྐྱོ་བ་ལྷང་ལྷང།།
སྤང་ལྗོངས་སྔོན་མོའི་མེ་ཏོག་རླུང་གིས་འཁྱེར་དུས།།
ཕྱེ་ལེབ་དམར་པོའི་མིག་ནས་མཆི་མ་ཤམ་ཤམ།།

སྡུག་གི་རླུང་འཚུབ་དྲགས་པའི་ཕ་ས་མ་ཡུལ།།
སྐྲག་དངངས་ཚེར་མས་གཙེས་པའི་ཕུ་ནུ་མིང་སྲིང།།
ཞི་བདེའི་གནས་མལ་དབེན་ཡང་ཤ་ཞེན་བརྟན་པོས།།
རྒྱལ་ཁའི་ཁ་ཕྱོགས་སྙེག་པའི་ཚུལ་དེ་བརྗིད་པ།།

གངས་རི་དཀར་པོའི་ཞིང་ལ་སྨོན་ལམ་རྒྱབ་ཡོད།།
གྲུ་འཛིན་ཕོ་བྲང་མདུན་ལ་དུས་ཆད་བཏབས་ཡོད།།
གཙང་ཆབ་སྔོན་མོའི་འགྲམ་ལ་འཛོམས་རྒྱུ་བྱས་ཡོད།།
རང་དབང་ཉིན་མོ་ཞིག་ལ་རེ་སྒུག་བྱས་ཡོད།།

སྐྱབས་སའི་ལྷ་ཞིག་ཡོད་ན་སྤྱན་གྱིས་གཟིགས་རོགས།།
བཀུར་སའི་དཔོན་ཞིག་ཡོད་ན་ཕྱག་གིས་སྐྱོང་རོགས།།
བརྩེ་པའི་གྲོགས་ཤིག་ཡོད་ན་ལན་ཞིག་གནང་རོགས།།
ཕུ་ནུའི་ལས་དབང་སྐྱ་མོ་བརྗེད་དུ་མ་འཇུག།།

༢༠༡༢།༡༡།༩ མཚན་མོར་རང་ཤག་ཏུ་བྲིས་པ་དགེའོ།

No comments:

Post a Comment