Sunday 30 November 2014

བུ་མོ་ལགས། སྒྲོལ་དཀར་ལྷ་མོ།



བུ་མོ་ལགས། སྒྲོལ་དཀར་ལྷ་མོ། (གཞས་ཚིག)
ཆར་བ་སིམ་སིམ་འབབ་པའི་ཉིན་མོ་ཞིག་ལ།
རླུང་བུ་ཟ་ཟི་གཡུག་པའི་ཉིན་མོ་ཞིག་ལ།
གློ་བུར་འཕྲད་པའི་བུ་མོ་སྒྲོལ་དཀར་ལྷ་མོར།
བརྩེ་བའི་མིག་ཞགས་ཐོག་མ་ལྷོད་ཀྱིས་འཕངས་ནས།
དགའ་བའི་འཛུམ་མདངས་ཐོག་མ་ངང་གིས་བསྟན་ཡོད།
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
ང་ཡི་སེམས་ནས་དགའ་སའི་མེ་ཏོག་ཡིན།
ང་ཡི་ཡིད་ནས་དུངས་སའི་མཛའ་མོ་ཡིན།
ང་ཡིས་དྭངས་གཙང་བརྩེ་སེམས་ཁྱོད་ལ་འབུལ་དུས།
ཁྱོད་ཀྱིས་འགྱུར་མེད་དམ་བཅའ་ང་ལ་བཅོལ་བྱུང།
ཁྱོད་ནི་ང་ཡི་ཡོད་ཚད་ཡིན།
ང་ནི་ཁྱོད་ཀྱི་ཡོངས་རྗོགས་ཡིན།
ཨོ་་་་སྙིང་སྡུག་སྒྲོལ་དཀར་ལྷ་མོ།
ཁྱོད་ནི་ང་ཡི་སྙིང་གི་ཚིལ་ལུ་དཀར་པོ།


སྡོང་ལོ་ཧྲག་སེ་འཐོར་བའི་མཚན་མོ་ཞིག་ལ།
སྐར་མདའ་ཤག་སེ་ལྷུང་བའི་མཚན་མོ་ཞིག་ལ།
མཐའ་མར་མཇལ་བའི་བུ་མོ་སྒྲོལ་དཀར་ལྷ་མོས།
སྐྱོ་བའི་མིག་ཆུ་མཐའ་མ་ང་ལ་བྱིན་ནས།
སྡུག་གི་རྨ་ཁ་ཐོག་མ་ང་ལ་བཞག་ཐལ།
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
ང་ཡི་སེམས་ན་འཚརའི་སྐར་ཆེན་ཡིན།
ང་ཡི་མིག་མཛེས་པའི་སྙིང་སྡུག་ཡིན།
འགྱུར་མེད་དམ་བཅའ་གཡོ་སྒྱུའི་ཚིག་གིས་བཅོམས་དུས།
ལྷད་མེད་བརྩེ་སེམས་གྱེས་བྲལ་རླུང་གིས་འཁུར་སོང་།
ཁྱོད་ནི་ང་ཡི་དྲན་ཤིང་ཡིན།
ང་ནི་ཁྱོད་ཀྱི་བརྗེད་བྱང་ཡིན།
ཨོ་་་་མཛའ་མོ་སྒྲོལ་དཀར་ལྷ་མོ།
ཁྱོད་ནི་ང་ཡི་སེམས་ཀྱི་ཐིག་ལེ་ནག་པོ།
༢༠༡༢།༦།༤

No comments:

Post a Comment