Friday 28 November 2014

སེམས་འགྱུ་རབ་རིབ།

སེམས་འགྱུ་རབ་རིབ། 
ནམ་རྒྱུན་ཞོགས་པའི་ཉི་ཟེར་འབབ་པའི་ཕྱོགས་ལ་འཁོར་ནས་ཁེར་རྐྱང་གི་ཚོར་སྣང་དག་རླུང་ལ་བསྐུར་རྒྱུ་ནི་སུ་ཞིག་དྲན་པའི་ཉིན་མཚན་དག་གི་སྐྱོ་བའི་དྲན་གདུང་རིང་མོ་ཉིན་ཐོར་འགོད་པ་དང་མཚུངས་བས།ཉི་ཟེར་ལ་ལྟ་བ་ནི་རང་གིས་རང་ལ་སེམས་གསོ་བྱེད་པ་དང་ཡང་འདྲ།སུ་ཞིག་ལ་ཡང་བརྩེ་བའི་རེ་བ་མ་བཅངས་བར་ཡུན་རིང་ཞིག་འདས་རྗེས་ཀྱི་དེ་རིང་།ཆར་བ་དང་ན་བུན་འཐབས་པའི་ཁྲོད་ནས་མེ་ཏོག་ཅིག་བདག་གི་མིག་གོང་ལ་སྐྱེས་ཤིང་སེམས་ཁོངས་ལ་བཞད་པའི་གཏམ་རྒྱུད་ཅིག་གི་དབུ་ཁྱུད་རང་བྱུང་གིས་བྲིས་པ་འདི་བདེ་སྐྱིད་ཅིག་གི་སྔོན་འགྲོ་ཡིན་ན་སྡུག་བསྔལ་ཞིག་གི་ས་བོན་ཡིན་པ་ངས་ཀྱང་གསལ་པོ་ཞིག་མ་རྟོགས་མོད།རང་སེམས་རང་ལ་མི་དབང་པའི་ཁྱད་མཚར་གྱི་ངང་ཚུལ་འདི་བསམ་ན་ང་ལ་ཡང་གདམ་ག་གཞན་ཞིག་མི་འདུག
ཆར་ བ་ཇེ་ཆེར་གྱུར་ཞིང་ན་བུན་ཇེ་མཐུག་ཡིན་པའི་མཚན་མོ་རེར་ཤེལ་གྱིས་བཟོས་ཤིང་ཤིང་གིས་རྒྱན་པའི་སྒེའུ་ཁུང་འདིའི་འགྲམ་དུ་ཀེ་རེར་འགྲེང་ནས་ཅི་ཡང་མི་མཐོང་བའི་ཕྱི་རོལ་ལ་བལྟས།སྐར་ཚོགས་དང་ཟླ་བ་སྨུག་པས་སྒྲིབ་ནས་མིག་ལ་མི་མཛེས་ཤིང་གྲོང་ཚོ་དང་རི་ཀླུང་ཆར་བས་བརླན་པས་ཡིད་སེམས་མི་སྐྱིད།ཁང་ཆུང་དང་ཉལ་ཆས་ཀྱང་ཁེར་རྐྱང་ཡིན་པས་ལུས་སེམས་མི་དྲོ་བས།མྱ་ངན་གྱིས་མུན་པ་སྟུག་པོ་འདིའི་ཁྲོད་ནས་ཐག་རིང་མིན་ཡང་ཐག་རིང་དུ་ཡོད་པ་འདྲ་བའི་མཛེས་སྡུག་གི་བུ་མོ་དེའི་ངོ་གདོང་དང་དྲོལ་ཁོལ་དྲན་བྱུང།ངོ་གདོང་དེ་ང་རང་ཆེས་དགའ་སའི་ཞོགས་པའི་ཉི་ཟེར་དང་འདྲ་ལ། དྲོད་ཁོལ་དེ་ང་ལ་ཆེས་མཁོ་བའི་སེམས་ཀྱི་བརྩེ་བ་དང་མཚུངས་མོད།དེ་དག་མཐོང་རེག་བྲལ་བའི་རྒྱུ་རྐྱེན་བསམ་ན་ངས་ཀྱང་རི་ལུང་ཐང་གསུམ་ཁད་ཀྱིས་དཀྲོགས་པའི་ཀི་རིང་ཞིག་ཤུགས་ཀྱིས་བཏབ་འདོད་ལ་གློ་སྙིང་མཆིན་གསུམ་ཧད་ཀྱིས་འདར་བའི་གླུ་གཞས་ཤིག་ཀྱང་དྲག་ཏུ་གཏང་འདོད།
རྨི་ལམ་མེད་པའི་མཚན་མོ་མང་པོ་ཞིག་ལ་འཁྱག་སིབ་སིབ་ཀྱི་ལག་ཟུང་བྲང་ཁར་བཞག་ནས་ཇེ་ཉུང་དུ་འགྲོ་བཞིན་པའི་སྐྲ་ལོའི་ཁ་དོག་དང་ཇེ་མང་དུ་བརྩེགས་ཀྱིན་པའི་དཔྲལ་བའི་གཉེར་མ་དྲན་ན།གཉིད་མི་ཡོང་པ་ནི་སུ་ཞིག་གིས་ང་ལ་ཆེད་དུ་སྤྲད་པའི་ན་ཚ་དང་འདྲ་ལ།འགྲེ་ལོག་རྒྱག་པ་ནི་གང་ཞིག་གིས་ང་ལ་ཆེད་དུ་བཏང་བའི་ཉེས་ཆད་དང་ཡང་མཚུངས་བས།སུ་ཞིག་གིས་རྐང་རྗེས་ཕབས་མ་མྱོང་བའི་ལམ་ཕྲན་སྣུམ་པོ་ཞིག་རྡོག་པས་གནན་རྒྱུ་ནི་མི་ཚེ་མཛེས་སྡུག་ཏུ་བསམ་པའི་བདག་གི་རྨི་ལམ་ཡིན་ལ།གང་ཞིག་གིས་སེམས་པའི་ཟུར་ལ་ཡང་འཁོར་མ་མྱོང་བའི་ཁ་ཕྱོགས་ངེས་གཏན་ཞིག་རེ་བས་སྙེག་རྒྱུ་ནི་འཁོར་བ་བདེ་སྐྱིད་དུ་མཐོང་བའི་བདག་གི་རེ་སྨོན་ཡང་ཡིན་ན།གལ་ཏེ་དུས་ཚོད་འདི་ཡང་བསྐྱར་བྱིས་དུས་སུ་ཕྱིར་ལོག་ཐེངས་གཅིག་བྱ་ཆོག་པའི་དབང་དུ་བཏང་ན་ངས་ཀྱང་ཁ་ཕྱོགས་ངེས་བའི་མི་ཚེའི་ཟློས་གར་ཞིག་དང་མཇུག་འབྲས་ཡག་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་བསྐྱར་དུ་འགོ་བརྩམས་ན་མ་ཆོག་པ་ག་ལ་ཡོད་འདོད་མོད།རེ་སྨོན་དང་རྨི་ལམ་ནི་ཕྱི་དྲག་པའི་འགྱོད་གདུང་དང་སྟོང་འདང་ཙམ་རེད་ལགས།
ད་ནངས་གློ་བུར་དུ་སྔས་འགྲམ་ལ་གསེར་མདོག་གི་ཉི་ཟེར་འཇམ་པོ་ཞིག་ཤར་བྱུང།རྒྱུ་རྐྱེན་ཅི་ཡིན་མ་ཤེས་པར་བདག་གི་ཉལ་ས་དང་ཁང་ཆུང་ཡོད་ཚད་ལ་སྔར་མེད་ཀྱི་དྲོད་ཁོལ་ཞིག་རྒྱས་ཤིང་།ད་དུང་རང་ལ་གཏན་དུ་དབང་མ་མྱོང་པའི་མེ་ཏོག་དེའི་འདབ་ལོ་སྟེང་དུ་ཡིད་འོང་གི་བསིལ་བ་འཁོར་བ་ཡང་མཐོང་བྱུང།མདང་དགོང་བདག་གི་སྐྲ་གསེང་ལ་མེ་ཏོག་གཞན་ཞིག་མཛེས་སྡུག་གིས་བཞད་ཅིང་དེའི་འདབ་ལག་གིས་ངོ་གདོང་ལ་བྱིལ་བྱིལ་བྱེད་པ་ཞིག་ཀྱང་རྨི་ལམ་དུ་རྨིས་པ་ཁང་པའི་གས་སྲུབས་དག་ནས་ལྡང་ཡོང་པའི་ཞོགས་རླུང་བསིལ་མོ་དེས་ཐོལ་གྱིས་དྲན་དུ་བཅུག་པས།ངས་ཁ་དོག་ཟད་པའི་རྩིག་ངོས་ཀྱི་མེ་ལོང་ལས་ཡུན་རིང་ཞིག་ལ་མ་འཁྲུས་པའི་ཆ་མེད་ཀྱི་ངོ་གདོང་དེར་ཞིབ་ལྟ་ཞིག་བྱས།མེ་ལོང་ནང་གི་མི་དེ་ང་རང་ཉིད་མིན་པར་གཞན་ཞིག་གི་གཟུགས་བརྙན་ཡིན་པ་ཤེས་དུས། མེ་ལོང་དུ་ལྟ་བཞིན་ལྟ་བཞིན་ང་མེ་ལོང་ནང་གི་གཟུགས་རིས་དེར་ཞེ་གཏིང་ནས་སྡང་སེམས་ཤིག་སྐྱེས་མོད། གཟུགས་རིས་དེས་ང་ལ་བལྟས་ནས་སྙིང་ཉེ་བའི་གད་མོ་དགོད་ཚུལ་ནི་སྨྱོན་པ་ཞིག་གིས་ང་ལ་ཆེད་དུ་འཕྱ་དམོད་བྱེད་པ་དང་མཚུངས་ལ་དགྲ་བོ་ཞིག་གིས་ང་ལ་སླད་དུ་བརྙས་བཅོས་བྱེད་པ་དང་ཡང་འདྲ་བས། སྔོན་ཆད་མེ་ལོང་ལ་ལྟ་རྒྱུར་དགའ་བའི་གོམས་གཤིས་འདི་ཡང་ད་ནི་ཐང་ཆད་པའི་ལས་དོན་ལྷག་མ་ཞིག་རེད་བསམ་སོང་ཨང་།
ནུབ་ཁའི་མཚམས་སྤྲིན་ལ་འཁྱུད་པའི་རྣམ་ཤེས་སྡོམ་པོ་འདི་སྲང་ལམ་ན་ཡར་མར་ཕྱོགས་བཞིན་པའི་གད་སྙིགས་དེ་ཚོ་དང་འདྲ་བར་འགྱུར་ལྡོག་ཆེ་བའི་ནམ་ཟླ་འདིའི་འོག་ན་ཁུ་སིམ་མེར་ཁ་ཕྱོགས་གང་ཞིག་གི་ཕྱིར་དུ་ཧད་དེ་ལུས་ཚུལ་ནི་ན་ནིང་སྟོན་མཇུག་གི་ས་སྲོད་ཅིག་ལ་བདུད་རྩིའི་ཆང་ཁང་ནས་ངོ་ཤེས་པའི་བུ་མོ་དེའི་བརྩེ་བའི་འཛུམ་མདངས་དང་དུངས་བའི་ལག་འཇུ་ཞིག་གི་ལས་སྐལ་ཐོབ་ཆེད་དུ་ཉིན་མཚན་གྲངས་མེད་ཅིག་ལ་ཁང་ཆུང་འདི་ནས་ཆང་གིས་བཟི་ཞིང་ལོ་ཟླ་གང་མང་ཞིག་ལ་ཉལ་ས་འདི་ནས་གཉིད་དུ་ཡུར་བའི་འདས་དོན་སྐྱུར་མོ་དེའི་འགོ་མཇུག་དང་མཚུངས་བས། རང་ཉིད་ཁོ་ན་ནག་ཉེས་ལྕི་བའི་བཙོན་མ་ཞིག་དང་རང་ཉིད་གཅིག་པོ་སྐྱོན་གྱིས་གོས་པའི་ཁྲམ་པ་ཞིག་ཏུ་ལྟ་བའི་གཡས་གཡོན་གྱི་སེམས་ཅན་འདི་ཚོའི་ཁྲག་ལྟར་དམར་བའི་མིག་མདའ་དང་གྲི་ལྟར་རྣོ་བའི་སྐད་ཆ་དག་གིས་ང་དོན་དམ་པས་ཅི་ཞིག་གི་ཆེད་དུ་འཚོ་བཞིན་པ་དང་གང་ཞིག་གི་སླད་དུ་གསོན་གྱིན་པ་ཡེ་ནས་ཧ་གོ་མ་སོང། དངོས་ནས་ཧ་གོ་མ་སོང།
ཕྱི་རོལ་དུ་ཆར་བ་ཤག་ཤག་འབབ་ཀྱིན་འདུག་ལ་རླུང་བུ་ཡང་ཟ་ཟི་ལྡང་གིན་འདུག རྣ་བར་གོམས་པའི་གླུ་གཞས་ཤིག་གི་དབྱངས་རྟ་སྙན་མོ་ཁྱིམ་མཚེས་ཚང་གི་སྒོ་ར་བརྟོལ་ནས་བདག་གི་ཁང་ཆུང་གི་རྒྱབ་མདུན་དང་ཕྱི་ནང་ལ་དལ་གྱིས་འཁོར་དུས། དབྱངས་སྙན་དེའི་བཞུར་འགྲོས་དང་བསྟུན་ནས་ནམ་རྒྱུན་བདག་གི་སྒོ་ཐེམ་བརྒྱུད་ནང་ལ་ཡོང་རྒྱུར་དགའ་བའི་བུ་མོ་དེས་དེ་རིང་ལམ་ཟུར་འདི་ནས་ཆར་གདུགས་དམར་པོ་ཞིག་ཐོགས་ཤིང་། ང་ལ་ཟུར་མིག་ཅིག་ཀྱང་མི་ལྟ་བར་མགོ་བོ་བྲང་ཁར་སྨད་བཞིན་བྱོལ་འགྲོ་བར་གསང་བའི་རྒྱུ་རྐྱེན་ཞིག་ལོས་ཡོད་དེ།   ང་དང་ཁོ་མོའི་གཏམ་རྒྱུད་དེའི་འགོ་མཇུག་བར་གསུམ་གྱི་བྱུང་བ་དང་འབྲེལ་ནས་ཡོད་ པའི་རྨ་ཁ་དེས་ན་ཟུག་སྐྱེད་སྟངས་ཤིག་ཅིས་མ་ཡིན་སྙམ། འདང་རྒྱག་མེད་པའི་སེམས་མེད་ཀྱི་མི་ཞིག་ལ་ཞེ་ཆགས་ཤིང་སེམས་གཏོད་པ་ནི་ཕམ་ཁའི་དངན་པ་འཚོལ་བ་དང་འདྲ་ལ། སྐྱོ་བའི་མིག་ཆུ་བསུ་བ་དང་མཚུངས་བ་ཁོ་མོས་ཀྱང་སྔ་མོ་ཞིག་ནས་ཤེས་ལོས་ཡོད་འདོད། ཡིད་དུ་འོང་བའི་ཁོ་མོའི་རྒྱབ་གཟུགས་དང་ཆར་གདུགས་གཉིས་ཆར་རླུང་ཁྲོད་ནས་རྒྱང་དུ་ཡལ་དུས། དོན་ལྔ་སྣོད་དྲུག་ལས་བཟོད་དཀའ་བའི་ཙག་ཤེད་ཅིག་ངང་གིས་རྒྱུགས་བྱུང།  ངས་སྔར་ལྟར་ཆར་བ་དང་རླུང་བུ་ད་དུང་གླུ་གཞས་གསུམ་གྱི་མཉམ་དཀྲོལ་རོལ་དབྱངས་ཤིག་ལ་ཉན་ཡོད། རོལ་དབྱངས་དེས་ང་ལ་ཅི་ཡིན་འདི་ཡིན་མེད་པར་ཕངས་སེམས་དང་འགྱོད་གདུང་ཞིག་དབང་མེད་དུ་བྱིན་སོང་ལ། དགའ་བ་དང་སྤྲོ་བ་ཞིག་ཀྱང་ཡུན་གྱིས་གནངས་བྱུང།
གཉིད་མི་ཡོང་བའི་མཚན་མོ་རེ་རེར་མཁའ་དབྱིངས་ན་གྲང་འདར་རྒྱག་པའི་སྐར་མའི་འོད་སྣང་ལ་བལྟས་ནས་དེ་དག་གི་ཁ་གྲངས་རྩི་རྒྱུ་ནི་ལས་རྒྱུ་མེད་པའི་ལས་ཀ་ཞིག་རེད་མོད། ང་ལ་མཚོན་ན་དེ་ལ་ཡང་དེ་ཚོད་ཀྱིས་སྙིང་བོ་ཞིག་གདའ་ཏེ། ང་ཡི་ལས་དབང་ཡང་མཁའ་དབྱིངས་ན་དལ་མེད་འགུལ་ཞིང་འཚེར་བཞིན་པའི་སྐར་མ་དེ་ཚོའི་ལས་དབང་དང་འདྲ་བས་སོ།། ཁེར་རྐྱང་གི་གྲིབ་མས་ཁེབས་ཤིང་མྱ་ངན་གྱི་ཤུ་སྒྲས་ཁེངས་བའི་ཁང་པ་འདི་ལོ་ངོ་ག་ཚོད་ཅིག་ལ་གནའ་བོའི་རི་སྐེད་འདི་ནས་ཁ་ཆར་བུ་ཡུག་ཁྲོད་ང་ལྟར་ཁེར་རྐྱང་དུ་འགྲེང་མྱོང་བ་ཞུ་ཚོད་མ་ཐུབ་མོད། གང་ལྟར་ཚོད་ཚོད་ལ་རང་གིས་རང་ལ་འཐམ་ནས་ཤུགས་ཀྱིས་ངུ་རྒྱུ་ཡོང་དུས་དང་། ཐོལ་ཐོལ་ལ་རང་ཉིད་རང་གིས་གླེང་བཞིན་དྲག་ཏུ་དགོད་རྒྱུ་ཡོང་བའི་དུས་དག་ཏུ་ཁང་ཆུང་འདི་ནི་ངའི་སེམས་པའི་ཁ་གཏིང་གི་ཁ་དོག་དང་འགྱུར་བ་ཤེས་པའི་གྲོགས་པོ་ངོ་མ་དེ་ཡིན། དགའ་བའི་དུས་ཚིགས་རེ་རེར་བདག་གི་ངོ་གདོང་གི་འཛུམ་མདངས་ལ་བལྟས་ནས་ངང་གིས་དགོད་གྲོགས་བྱེད་མཁན་དང་སྡུག་གི་ལོ་ཟླ་རེ་རེར་ང་ཡི་མིག་ཟུང་གི་མཆི་མ་བཤུས་ནས་ལྷོད་ཀྱིས་ངུ་རོགས་བྱེད་མཁན་ཡང་ཁང་ཆུང་འདི་ཡིན་པས། ཁང་ཆུང་འདིའི་ཕྱི་ནང་དང་རྒྱབ་མདུན་ཚང་མར་དགའ་སྐྱོ་ཆགས་སྡང་གི་མཁའ་དབུགས་ཤིག་ནམ་ཡང་ཁྱབས་ནས་ཡོད། ད་ནི་རླུང་ཆེན་པོ་གཡུག་དུས་འགུལ་ཙམ་བྱེད་ལ་ཆར་ཆེན་པོ་འབབ་དུས་ཐིགས་ཆུ་མི་འཚོགས་པའི་ཁང་ཆུང་འདི་ཡང་རྒས་ཤིང་ཁོགས་འདུག་ཀྱང། སུ་ཞིག་དྲན་པའི་མཚན་མོ་རེ་རེར་ཁང་ཆུང་འདིའི་དཀར་ཁུང་བརྒྱུད་སྐར་མའི་གྲངས་ཀ་རྩི་རྒྱུ་ནི་སེམས་ངལ་གྱིས་སྐྱོམས་པའི་དུས་ཚོད་ལ་གཡོར་བ་དང་ཅི་འདྲའི་འདྲ་ཨང་།
མཚམས་རེར་ན་བུན་གྱིས་བཏུམས་པའི་ཁང་པའི་ལྟག་རྒྱབ་ཀྱི་རི་བོ་དེའི་རྒྱབ་ཕྱོགས་ན་མཛེས་སྡུག་ལྡན་པའི་སྤང་ལྗོངས་ཤིག་ཡོད་དམ་ཡང་ན་ཚང་ཚང་གཡུ་ཡི་ནགས་ཚལ་ཞིག་ཡོད་དམ་སྙམ། ཡང་ལན་རེར་མི་མངོན་པའི་མདུན་ཕྱོགས་ཀྱི་གནམ་མཐའ་དེ་རུ་བརྗིད་ཆགས་ལྡན་པའི་རྔམ་བརྗིད་ཀྱི་གངས་རི་ཞིག་ཡོད་དམ། ཡང་ན་སྔོ་ལྡེམ་མེར་འཁྱིལ་པའི་དྭངས་གཙང་གི་མཚོ་མོ་ཞིག་ཡོད་དམ། གང་ལྟར་ཐེ་དོགས་དང་རེ་སྨོན་དྲག་པོ་ཞིག་གིས་རི་བོ་མཐོན་པོ་དེའི་རྩེ་མོར་ཐེངས་གཅིག་འགོས་ནས་ཐག་རིང་ན་ཡང་སྙིང་ཅི་ཞིག་ཡོད་པར་རྒྱང་ལྟ་རེ་བྱ་ཐུབ་ན་ཅི་མ་རུང་སྙམ་མོད། ཇ་ཚ་བོ་དཀར་ཡོལ་གང་ཡང་ལྷོད་ཀྱིས་འཐུང་ཁོམ་མེད་པའི་བྲེལ་འཚུབ་ཀྱི་ཉིན་མཚན་དག་བསམ་ན་རྒྱབ་ཀྱི་རི་བོ་དེ་ཡང་ང་ལ་མཚོན་ན་ལུས་སེམས་དང་ཧ་ཅང་ཁ་ཐག་རིང་བའི་སྣང་བ་ཞིག་ངམ་ངམ་ཤིག་ཤིག་གིས་སྐྱེས་ཡོང་གིན་འདུག་པས། འདི་ལྟར་དལ་མེད་བཞུར་བཞིན་པའི་མི་ཚེའི་གཙང་བོར་བལྟས་ནས་མདུན་ནས་རྒྱང་དུ་ འཐེན་པའི་ལམ་ཕྲན་ཀྱག་ཀྱོག་འདིའི་སྣེ་མོ་གང་ཞིག་ལ་ཟུག་ཡོད་པ་ངས་ཀྱང་ཞུ་ཚོད་བྲལ་སོང།
རྫ་ཕོར་དམར་པོ་དེའི་ནང་ན་བཞད་པའི་མེ་ཏོག་དཀར་པོ་དེའི་ཐོག་གི་གཡུ་སྦྲང་ཆུང་ཆུང་དེ་ང་ཡིན་ན། བརྩེ་བའི་མཆུ་མདའ་རྣོན་པོ་ཤུགས་ཀྱིས་བརྐྱངས་ནས་ཞིམ་མངར་གྱི་ཟེའུ་འབྲུ་དམར་པོ་དེ་ཡིད་ཚིམ་པ་ཞིག་ལོངས་སུ་སྤྱད་ཆོག་སྙམ་ལ། ཆར་ཆུས་བཤིག་པའི་ལམ་འགྲམ་གྱི་ཤིང་སྡོང་དེའི་འདབ་ལོ་སྟེང་གི་ཕྱེ་མ་ལེབ་སྙིང་རྗེ་དེ་ང་ཡིན་ན། རང་དབང་གི་གཤོག་ཟུང་མཉེན་པོ་ལྷོད་ཀྱིས་གཡུག་ནས་ཉི་ཟེར་དཀར་པོ་འབབ་པའི་ཕྱོགས་ལ་ལྡེམ་ལྡེམ་གྱིས་འཕུར་ཆོག་བསམ། ད་ཡང་རྨི་ལམ་དང་སྟོང་འདང་མང་པོ་ཞིག་གི་བང་རིམ་སྒྲིག་ནས་རེ་སྒུག་གི་མིག་ཟུང་མི་མངོན་པའི་རྒྱང་ལ་འཕེན་དགོས་བྱུང་ལ། འཆར་གཞི་དང་སྨོན་འདུན་གང་མང་ཞིག་གི་ཁ་བཏགས་བསྣམ་ནས་བརྩེ་བའི་སེམས་པ་མི་མཐོང་བའི་རྒྱང་ལ་གཏོད་དགོས་བྱུང་བ་འདི། ཕྱིར་ཡོང་མི་སྲིད་པའི་མི་ཞིག་གིས་ང་ལ་གནང་འི་ཁ་ཆེམས་འགྱུར་མེད་དེའི་ཆེད་དུ་ཡིན་ནམ། གར་ཡོད་མི་ངེས་པའི་མི་ཞིག་­­གིས་ང་ལ་བཏབས་པའི་དུས་ཆད་གཏན་པོ་དེའི་ཕྱིར་དུ་ཡིན་ནམ། ཡང་ན་ང་དང་མི་དེ་གཉིས་ཀྱིས་ཕན་ཚུན་ལ་བཞག་པའི་དམ་བཅའ་གསོན་པོ་དེའི་སླད་དུ་ཡིན་ནམ། གང་ལྟར་སུ་ཞིག་དྲོད་ཁོལ་འབར་བའི་ཉི་ཟེར་ལྟར་བདག་གི་མུན་ནག་གི་ཁང་ཆུང་དུ་ལྷོད་ཀྱིས་འབབ་ཨེ་ངེས། གང་ཞིག་དྭངས་གཙང་གི་དཔྱིད་རླུང་བཞིན་བདག་གི་ཁེར་རྐྱང་གི་འཇིག་རྟེན་ལ་ངང་གིས་གཡུག་ཨེ་སྲིད། ད་དུང་སུ་ཞིག་ཡིད་འོང་གི་མེ་ཏོག་ལྟར་བདག་གི་རྨི་ལམ་གྱི་ཡུལ་ལྗོངས་ལ་ཡུན་གྱིས་མི་བཞད་པའི་ངེས་བ་ཨེ་ཡོད། འདི་ལྟར་རྒྱང་རིང་གི་མི་དེར་ཐེ་ཚོམ་དང་དྲན་གདུང་གིས་ལོ་ཟླར་རེ་སྒུག་བྱེད་རྒྱུ་ནི་དག་གཙང་གི་མཁའ་དབྱིངས་ནས་མེ་ཏོག་གི་ཆར་བ་ཞིག་འབབ་པར་རེ་སྨོན་བྱེད་པ་དང་འདྲ་བས། ལུས་སེམས་གཉིས་ཧ་ཅང་ཐང་ཆད་ནི་ཞིག་རེད། དངོས་ནས་ཐང་ཆད་ནི་ཞིག་རེད། ཤུ་་་་་་་།།
༢༠༡༢།༨།༢༨

No comments:

Post a Comment