Friday 28 November 2014

ཡིད་ཆེས་མ་གནོངས།

ཡིད་ཆེས་མ་གནོངས།
ཆར་བ་དང་ན་བུན།
འཇའ་ཚོན་དང་མེ་ཏོག
དུས་ཚིགས་འདིའི་མཛེས་སྡུག་འདྲ་ཡང།
ནམ་ཞིག་ལ་ཤར་ངེས་པའི་ཉི་འོད་དང།
འབབ་སྲིད་པའི་ཁ་བ།
ད་དུང་གཡུག་སྲིད་པའི་ལྷག་རླུང་དྲན་ན།
འདི་ཡང་ནམ་དུས་ཤིག་གི་ངོ་གདོང་འགྱུར་སྟངས་ཡིན་པས།
ཆར་དུས་འདིའི་མཛེས་སྡུག་ལ་རྟག་བརྟན་གྱི་ཡིད་ཆེས་མ་གནོངས།
རྒྱས་པར་གཟིགས།
འཛུམ་མདངས་དེས་མིག་དབང་འཕྲོག་ངེས་ལ།
སྐད་ཆ་དེས་ཡིད་སེམས་བརྐུ་སྲིད།
ད་དུང་།བརྩེ་བ་ཟེར་ནས་མིག་ཆུ་འདོན་ངེས་ལ།
དུངས་བ་ཞེས་ནས་དངན་པ་ཡང་འཐེན་སྲིད་མོད།
འཛུམ་མདངས་དང་སྐད་ཆའི་རྒྱབ་ན།
ལྐོག་གྱུར་གྱི་ངོ་གདོང་གཞན་ཞིག་སྦས་ཡོད།
བརྩེ་བ་དང་དུངས་བའི་ཕུགས་ན།
གསང་བའི་སེམས་པ་གཞན་ཞིག་སྐུང་ཡོད།
སུ་ལ་ཡང་དྭངས་གཙང་གི་ཡིད་ཆེས་མ་གནོངས།
ང་ལ་ཡང་དེ་བཞིན་ནོ།།
༢༠༡༢།༩།༡༡

No comments:

Post a Comment