Monday 1 December 2014

རེ་སྒུག


རེ་སྒུག
གཅན་འོད་འབར།
ཁུ་སིམ་གྱི་གཙང་འགྲམ་ཞིག་ལ་དུས་ཆད་བཏབ་པའི་སྲོད་ཁར།
གཙང་བོའི་རླབས་ཀྱིས་འཁྱེར་པའི་སྡོང་ལོར་བལྟ་ཞོར་མཛའ་མོར་སྒུག་ཅིང།
རླུང་བུས་གང་སར་འདེད་པའི་སྤྲིན་པར་ཅེར་ནས་ཟླ་བ་བསུས།
ཁེར་རྐྱང་གི་ཟླ་བ། ཁེར་རྐྱང་གི་གཙང་བོ།
ད་དུང་ཁེར་རྐྱང་གི་སྡོང་ལོ།
ང་དང་ངའི་སེམས་པ་རལ་ཧྲུལ་འདིའི་ཐོག་མའི་སེམས་གསོ་དང་འདྲ་ལ།
ང་དང་ངའི་མིག་ཟུང་སྐམ་པོ་འདིའི་མཐའ་མའི་མཆི་མ་དང་ཡང་མཚུངས།
ཅི་ཡང་མཐོང་ཐབས་བྲལ་བའི་མུན་ནག་འདིའི་ཁ་དོག་ངོགས་སུ།
ཡུན་རིང་སྒུག་པའི་སེམས་ཀྱི་སྐར་མདའ་དེ།
མཚན་ལྗོངས་འདིའི་མཁའ་དབྱིངས་ནས་ཟགས་པར་རེ་ཞིང།
གང་ཡང་ཐོས་རྒྱུ་མེད་པའི་གཙང་འགྲམ་འདིའི་ལྗོན་པའི་འོག་ཏུ།
ཡང་ཡང་རེ་བའི་ཡིད་ཀྱི་རྡོག་སྒྲ་དེ།
རྣ་བ་འདིའི་ཐག་ཉེར་ལྷུང་བར་སྒུག་ནས།
བྱ་ཕོས་ལྷིང་འཇགས་དཀྲོགས་པའི་ཞོགས་པ་ཤར་ཡང།
མེ་ཏོག་རྒྱ་སེ་ལྟ་བུའི་འཛུམ་མདངས་དེ་མ་རིག་ལ།
བྱིའུས་སྐྱ་རེངས་བཀྱགས་པའི་ནང་མོ་སླེབས་ཀྱང།
སྙན་པའི་རོལ་དབྱངས་འདྲ་བའི་འབོད་སྒྲ་དེ་མ་ཚོར་བས།
ལྷིང་འཇགས་ཀྱི་གཙང་འགྲམ་འདི་དང་ཞོགས་པ་འདི་ལ།
ཁེར་རྐྱང་གིས་དུས་ཆད་གཞན་ཞིག་འདེབས་དགོས་བྱུང་།
ཁེར་རྐྱང་གི་གཙང་བོ། ཁེར་རྐྱང་གི་ཞོགས་པ།
ད་དུང་ཁེར་རྐྱང་གི་ང་།


ངང་སྒུག་གི་བར་གླགས་རེ་ནས།
ཉི་ཟེར་ལྷོད་ཀྱིས་འབབ་པའི་ཕྱོགས་ལ་རེ་བའི་མིག་རྒྱང་འཕངས་ཤིང།
བསིལ་བ་ངང་གིས་འཁྱིལ་བའི་སྤང་ལ་སྨོན་པའི་སེམས་པ་གཏོད་དུས།
སུ་ཞིག་ལ་དམ་དུ་འཐམས་ནས་ངུ་འདོད་ཀྱི་ཡི་ག་དེས།
གང་ཞིག་ལ་ཤུགས་ཀྱིས་འཇུས་ནས་བགད་འདོད་ཀྱི་ཚོར་བ་དེས།
དྲན་པའི་བ་སྤུ་ཡོད་ཚད་མེ་རུ་བསྲེགས་ཤིང།
འཁྲེང་བའི་དོན་ལྔ་སྣོད་དྲུག་འདམ་ལ་སྦས་པས།
ལྷིང་འཇགས་ཀྱི་གཙང་འགྲམ་འདི་དང།
ཁུ་སིམ་གྱི་སྡོང་འོག་འདི་ནས།         
ཁེར་རྐྱང་གི་མཆི་མ་ལུད་མཁན་ང་དང་གཙང་བོ་རེད་ལ།
མྱ་ངན་གྱི་དབུགས་རིང་འཐེན་མཁན་ཡང་ང་དང་ལྗོན་པ་རེད།
ཡང་སྙིང་མདང་ནུབ་ནམ་མཁའ་ནས་སྐར་མདའ་མ་ལྷུང་ལ།
ཐག་རིང་ནས་རྡོག་སྒྲ་ཡང་མ་གྲགས།
ཕལ་ཆེར་དོ་དགོང་ཡང་མདང་དགོང་བཞིན།
ཁེར་རྐྱང་གི་མིག་ཟུང་ཀེམ་ཀེམ་གྱིས།
སྐར་མདའ་ཞིག་ཐོལ་གྱིས་ཟགས་པར་རེ་བལྟ་བྱེད་དགོས་ན་ཐང་ལ།
ཁེར་རྐྱང་གི་སེམས་པ་བྲེལ་བྲེལ་གྱིས།
རྡོག་སྒྲ་ཞིག་ལྷོད་ཀྱིས་གྲགས་པར་ངང་སྒུག་ཀྱང་བྱེད་དགོས་ན་ཐང།
སང་ཉིན་ཡང་་་་་་་།
༢༠༡༢།༥།༡༩

No comments:

Post a Comment